༡༽ དཔལ་ལྡན་ཀརྨ་པ་དང་གར་གྱི་དབང༌། །སི་ཏུ་རྒྱལ་ཚབ་དཔའ་བོ་རིམ་བྱོན་དང༌། །རྨ་སེ་རྟོགས་ལྡན་ཀརྨ་ཆགས་མེད་སོགས། །ཀཾ་ཚང་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
༢༽ འགྲོ་མགོན་རྡོར་རྒྱལ་སྤྱན་སྔ་རིམ་བྱོན་དང༌། །ཉག་རས་སེ་བོ་གྲུབ་ཐོབ་སྤར་ཕུ་བ། །སངས་རྒྱས་ཞིག་ཆེན་ཆོས་སྐུའི་མཚན་ཅན་སོགས། །ཕག་གྲུ་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
༣༽ དར་མ་དབང་ཕྱུག་བརྒྱུད་འཛིན་སྲས་མཆོག་ལྔ། །ཏི་ཤི་ཤེར་སེང་རས་པ་དཀར་པོ་དང༌། །ལུས་མེད་རྡོ་རྗེ་གཞོན་ནུ་འབྱུང་གནས་སོགས། །འབའ་རམ་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
༤༽ ཡིན་ངེས་རྣམ་བཞི་འགྲོ་མགོན་སྐྱེ་མེད་ཞང༌། །ཤཱཀྱ་ཡེ་ཤེས་སངས་རྒྱས་འབུམ་འོད་མཚན་བཞི། །དར་མ་གཞོན་ནུ་གཙང་སྒོམ་ལྕེ་སྒོམ་སོགས། །ཚལ་པ་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
༡༽ འཇིག་རྟེན་གསུམ་མགོན་དཔལ་ཆེན་རྣམ་པ་བདུན། །རང་མཉམ་བཅུ་གསུམ་གྲུབ་ཆེན་གཉོན་མགར་ཆོས། །རིན་ཆེན་རྣམ་གཉིས་གདན་རབ་རིམ་བྱོན་པའི། །འབྲི་གུང་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
༢༽ ཐང་པ་བཀྲ་ཤིས་དཔལ་བ་རང་མཉམ་བརྒྱད། །ཐུགས་ཀྱི་སྲས་བཞི་ཉེ་བའི་སྲས་བཅོ་བརྒྱད། །རྟོགས་པ་མཆོག་གྱུར་གཉིས་སྟོང་བརྒྱད་བརྒྱ་སོགས། །སྟག་ལུང་བཀའ་བརྒྱུད་རྣམས་པ་ཕྱག་འཚལ་ལོ། །
༣༽ རྒྱལ་ཚབ་རིན་མགོན་ཀུན་ལྡན་རས་པ་ཆེ། །བྱམས་པ་དཔལ་བ་མ་གཅིག་རེ་མ་དང༌། །ལྕེ་སྒོམ་ཞིག་པོ་བུ་སྟོན་ཆེན་པོ་སོགས། །ཁྲོ་ཕུ་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
༤༽ གླིང་རས་རྒྱ་རས་སེང་གེའི་མཚན་ཅན་དགུ། །ལོ་རྒོད་རྣམ་གཉིས་ཡང་དགོན་འབའ་ར་བ། །སྟོད་སྨད་བར་གསུམ་ཕྱོགས་མཐའ་ཀུན་ཁྱབ་པའི། །འབྲུག་པ་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
༥༽ སྨར་པ་ཤེར་ཡེ་ཡང་དགོང་སྤྱན་སྔ་བ། །དབུ་རྩེ་རིན་གླིང་འོད་ཟེར་བླ་མ་དང༌། །ཤིང་མགོ་རིན་ཆེན་རྒྱལ་མཚན་རྣམ་གསུམ་སོགས། །སྨར་ཚང་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
༦༽ སངས་རྒྱས་ཡེལ་པ་རྩེ་མོ་འོད་ཟེར་དཔལ། །འོད་གསལ་བ་དང་ཡང་དགོན་བློ་གྲོས་རྒྱལ། །རྒོ་ན་རིན་ཆེན་དགོན་སར་བ་ལ་སོགས། །ཡེལ་པ་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
༧༽ ཟ་ར་སྐལ་ལྡན་ཡེ་ཤེས་སེང་གེའི་ཞབས། །གནུབས་སྟོན་འདུལ་འཛིན་ཆོས་ཀྱི་སྨོན་ལམ་པ། །རིན་ཆེན་ཇོ་སྲས་རྟོགས་ལྡན་བུ་བཞི་སོགས། །གཡའ་བཟང་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
༨༽ གྱེར་སྒོམ་ཆོས་སེང་སྟོང་སྨད་རྟོགས་ལྡན་དྲུག །རིན་ཆེན་སྙིང་པོ་བྲག་འབུར་རི་པ་སོགས། །གང་ནས་སློབ་བརྒྱུད་རིམ་པར་བྱོན་པ་ཡི། །ཤུགས་གསེབ་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །
No comments:
Post a Comment