Wednesday, May 28, 2014

TIBETAN NEW SONG 2013.KARMAPA



༈ བཀའ་མདོ་རྒྱུད་དུ་མར་ལུང་གིས་བསྔགས། 
རྗེ་མར་མི་དྭགས་པའི་བརྒྱུད་པ་འཛིན། 
ཡོངས་ཆེ་བཞི་ཆུང་བརྒྱད་བཀའ་བརྒྱུད་མགོན། 
དཔལ་༧རྒྱལ་དབང་ཀརྨ་པ་ལ་འདུད། 
ཡེ་གདོད་ནས་མངོན་པར་སངས་རྒྱས་ཀྱང༌། 
ཐབས་སྙིང་རྗེ་ཆེན་པོས་ཞིང་འདིར་སྤྲུལ། 
མགོན་པདྨ་འབྱུང་གནས་ལུང་བསྟན་ལྟར། 
སྐུ་སྐྱེ་བའི་ཕྲེང་བ་རིམ་པ་ར་བྱོན། 
ལྷོ་འཛམ་བུ་གླིང་གི་བྱང་གི་ཕྱོགས། 
བོད་ཁ་བ་ཅན་གྱི་མདོ་ཁམས་སྨད། 
ཡུལ་ལྷ་ཐོག་ཅེས་པའི་ས་ཡི་ཆར། 
རྗེ་༧ཨོ་རྒྱན་འཕྲིན་ལས་རྡོ་རྗེ་འཁྲུངས། 
མགོན་དུས་གསུམ་མཁྱེན་པོའི་གདན་ས་ཆེ། 
དཔལ་འོག་མིན་མཚུར་ཕུའི་གནྡྷོ་ལར། 
སྐུ་གོང་མ་རིམ་བྱོན་རྣམ་ཐར་བཞིན། 
མཐོ་སེང་གེའི་ཁྲི་ལ་མངའ་གསོལ་མཛད། 
རྗེ་རིག་པའི་རྡོ་རྗེའི་ཞལ་ཆེམས་དང༌། 
སྐྱབས་མཆོག་གྱུར་གླིང་པའི་ལུང་བསྟན་རྣམས། 
བློ་གཟུ་བོར་གནས་ཏེ་མཇལ་བའི་ཚེ། 
ལུང་བསྟན་པའི་འབྲས་བུ་དུས་སུ་སྨིན། 
སྤྱིར་བསྟན་འགྲོ་ཡོངས་ལ་སྙིང་རྗེའི་ལྷ། 
༧སྐྱབས་ཏཱ་ལའི་བླ་མ་དྲིན་རེ་ཆེ། 
སྒོས་བཀའ་བརྒྱུད་བསྟན་པ་ཉམས་པའི་དུས། 
རྗེ་ཏཱ་ཡི་སི་ཏུ་དྲིན་རེ་ཆེ། 
རྗེ་ཨོ་རྒྱན་ཆེན་པོའི་སྦས་པའི་གནས། 
ཡུལ་འབྲས་ལྗོངས་རུམ་བཏེགས་གནྡྷོ་ལར། 
སྐུ་གཟི་བྱིན་འོད་སྟོང་འཕྲོ་བཞིན་དུ། 
མཐོ་སེང་གེ་ཁྲི་ལ་བཞུགས་སུ་གསོལ། 
ཚེ་འདི་ནས་བྱང་ཆུབ་སྙིང་པོའི་བར། 
རྗེ་༧ཀརྨ་པ་དང་མི་འབྲལ་ཞིང༌། 
དཔལ་དམ་པའི་ཆོས་ལ་ལོངས་སྤྱོད་ནས། 
མཐར་རྫོགས་བྱང་ཐོབ་པའི་སྨོན་ལམ་ཤོག། །།

ཚིག །མི་ཉག་མཁན་ཆེན་ཐེག་མཆོག་བསྟན་འཛིན།
དབྱངས། ཚེ་རིང་དབང་རྒྱལ།
ལེན་མཁན། ཚེ་རིང་དབང་རྒྱལ།


པར་པ་དང་སྒྲིགས་སྦྱོར་བ། བདག་མེད་བོད་ཀྱི་གློག་བརྙན་བཟོ་བསྐྲུན་ཁང༌། 

No comments: