Saturday, January 3, 2015

༄༅། །ཕྱི་ནང་ལྟ་གྲུབ་ཀྱི་ཁྱད་པར་བརྗོད་པ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །སྨན་ལྗོངས་འདིར་སྐྱེས་པའི་ཤེས་ལྡན་རྣམས་ལ་ངེད་ནས་རང་རེའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལོ་རྒྱུས་ཅུང་ཟད་ཞུ་རྒྱུ་ཡོད།
འོ་སྐོལ་རང་རེའི་ལྗོངས་འདིར་སྐྱེས་པ་ཐམས་ཅད་ལྷ་དཀོན་མཆོག་གསུམ་ངོ་ཤེས་ཤིང་ཆོས་དང་ཆོས་མིན་གྱི་རྣམ་བཞག་མི་ཤེས་པ་ནི་སུ་ཡང་མེད་པས། དཀོན་མཆོག་དང་ལས་འབྲས་ངོ་ཤེས་པ་དེ་ཙམ་བྱུང་བ་ཡང༌། ངེད་རང་དམ་པའི་ཆོས་དར་བའི་ཡུལ་དུ་སྐྱེས་པའི་ཕན་ཡོན་ཡིན།
སྔོན་གྱི་བསོད་ནམས་དགེ་བའི་འཁོར་ལོ་ཆེན་པོ་བཞི་དང་མི་ལྡན་པ་རྣམས་ད་ལྟ་དམ་པའི་ཆོས་དར་བའི་ཡུལ་དུ་སྐྱེ་མི་ནུས་ཤིང༌། ད་རེས་ངེད་རང་རྣམས་སྔོན་བསགས་དགེ་བའི་སྟོབས་ཀྱིས་འཕེན་ཏེ་འཛམ་གླིང་ཆོས་ཚིགས་ས་ཡི་ལྟེ་བ་དཔལ་ལྡན་འབྲུག་པའི་གདུལ་ཞིང་ལྷོ་ཕྱོགས་ནགས་མོའི་ལྗོངས་འདིར་སྐྱེ་བ་ནི་རང་གི་བསོད་ནམས་ཀྱི་མཐུ་ཡིན།
རང་རེའི་ལྗོངས་འདི་རྒྱལ་ཁབ་གཞན་དང་མི་འདྲ་བའི་ལོ་རྒྱུས་ཅུང་ཟད་ཞུ་ན། སྔོན་བདག་ཅག་གི་སྟོན་པ་འདི་ཉིད་རྒྱལ་པོ་གཙུག་ན་ནོར་བུ་དང་དྲི་མེད་ཀུན་ལྡན་སོགས་སུ་སྐྱེ་བ་བཞེས་པའི་སྐབས་ནས་བྱང་ཆུབ་སྤྱོད་པའི་ཡུལ་དུ་བཟུང་ནས་བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་པའི་གནས་ཡིན།
ཕྱིས་མངོན་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཉི་མའི་སྙིང་པོའི་མདོ་སྡེ་གསུངས་པའི་སྐབས། སྟོན་པ་འཁོར་དང་བཅས་པའི་སྐུ་ལས་འོད་ཟེར་སྤྲོས་ཏེ་བྱང་ཕྱོགས་ཀྱི་རི་ཀླུང་ནགས་ཁྲོད་འདི་དག་ལ་ཕོག་ནས་དམ་པའི་ཆོས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས། མཐར་རྩ་མཆོག་གྲོང་ནས་སྐུ་མྱ་ངན་ལ་འདས་པའི་ཚུལ་སྟོན་ནས། སླར་ཡང་སངས་རྒྱས་གཉིས་པ་ཨོ་རྒྱན་ཐམས་ཅད་མཁྱེན་པའི་སྐུར་བཞེངས་ཏེ་བྱོན་པའི་སྐབས་ཀྱང༌། རང་རེའི་ལྗོངས་འདིར་སྐུ་དངོས་ལན་གཉིས་ཀྱི་བར་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། ཆོས་ནོར་ཟབ་གཏེར་དཔག་ཏུ་མེད་པ་རྣམས་ཀྱིས་གངས་བྲག་རི་མཚོ་ཐམས་ཅད་བཀང་སྟེ་སྦས་ཡུལ་དུ་བསྒྱུར། བར་དུ་བསྟན་པ་ཕྱི་དར་གྱི་སྐབས་ཙམ་ནས་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་འཛིན་པའི་གཏེར་འབྱིན་གྲུབ་པའི་སྐྱེས་བུ་རྣམས་དང༌། ཆོས་ལུགས་གྲུབ་མཐའ་སོ་སོའི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས། ཐ་མ་ལྷ་གནས་ཤིང་རྟ་འབའ་ལྕགས་ཏེ་བླ་མ་ཁ་ལྔའི་ཆོས་ལུགས་མང་དུ་དར་བའི་སྐབས་དེར། བདག་ཅག་ཉི་མ་ལྷོ་ཕྱོགས་པ་སྤྱི་བོ་གནམ་ལ་བསྟན་པ་རྣམས་ཀྱི་བསོད་ནམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྔགས་འཆང་རྡོ་རྗེ་འཛིན་པའི་ཚུལ་དུ་བྱོན་པ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་པར་རྒྱལ་བའི་དཔལ་དེ་ཉིད་ལ་ཨོ་རྒྱན་ཐམས་ཅད་མཁྱེན་པའི་རྡོ་རྗེའི་གསུང་གིས་བསྔགས་པའི་ལུང་བསྟན་དང༌། པཎ་ཆེན་ནཱ་རོ་ཏ་པའི་རྣམ་འཕྲུལ་ཆོས་རྗེ་འགྲོ་མགོན་གཙང་པའི་བཀའ་ལུང་གི་ཞལ་ཆེམས་དང༌། ཆོས་སྐྱོང་ཡེ་ཤེས་མགོན་པོས་ཁ་བཞི་ལྷོའི་རྒྱལ་ཁམས་འདུལ་བྱའི་ཞིང་དུ་ཕུལ་བའི་ཉེར་ལེན་ཚོགས་པ་ལས། རྟེན་འབྱུང་ཚོགས་ཤིང་དུས་ལ་བབ་པའི་འབྲས་བུ་སུས་ཀྱང་འགོག་ཏུ་མེད་པར་དམ་ཅན་སྲུང་མ་རྣམས་ཀྱིས་སྣ་ལེན་མཛད་དེ་ལྗོངས་འདིར་ཆིབས་ཁ་བསྒྱུར། མི་བསྲུན་ཀླ་ཀློས་གང་བའི་ལྷོ་རོང་འདིར་ཕྲིན་ལས་རྣམ་བཞིའི་སྒོ་འབུམ་ཕྲག་དུས་གཅིག་ལ་འབྱེད་དེ། ཁྲིམས་མེད་ལ་ཁྲིམས་དང་ལུང་མེད་ལ་ལུང་འདོགས་ཏེ་ལེགས་བྱས་ཀྱི་སྣང་བ་དར་ལ་ཕབ། ཆོས་སྲིད་གདུགས་དཀར་ཟུང་གིས་ད་ལྟའི་བར་དུ་ཕན་བདེའི་གྲིབ་བསིལ་དགུང་ལས་མ་ཡོལ་བར་འགྲོ་རྣམས་བདེ་བར་འཚོ་བའི་བཀའ་དྲིན་མཛད། ཆོས་སྲིད་ལུགས་གཉིས་ཀྱི་ལམ་སྲོལ་བཟང་པོ་འདི་ལ་བརྟེན་ནས་དེང་སང་གི་བར་དུ་གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་བདེ་བ་ཐམས་ཅད་གཞན་ལ་རག་མ་ལས་པར་རང་དབང་རང་བཙན་དུ་གྱུར་པ་ནི་དཔལ་ལྡན་འབྲུབ་པའི་བསྟན་པ་འདི་ཁོ་ནའི་མཐུ་ཡིན་པར་མཁྱེན་དགོས།
དེ་ལྟར་དམ་པའི་ཆོས་ཀྱི་ལམ་སྲོལ་གཙང་མར་བཟུང་བ་ནི་རང་རེའི་རྒྱལ་ཁབ་འདི་ནང་མ་གཏོགས་གཞན་དུ་ཆོས་སྲིད་ཟུང་དུ་འབྲེལ་བའི་ལམ་ལུགས་བཟང་པོ་འདི་འདྲ་མེད་པ་ནི་ཀུན་གྱིས་མཐོང་ཆོས་སུ་མཁྱེན་ནུས་པ་ཡིན།
རྒྱལ་ཁབ་གཞན་དུ་ཕྱི་ནང་གི་ལམ་ཐ་དད་དུ་བཟུང་ནས་ནང་པའི་ཆོས་ཁ་ཡར་རེ་ཡོད་པ་མ་གཏོགས་ཆབ་སྲིད་དམ་པའི་ཆོས་ཀྱིས་བསྐྱངས་ཏེ་རྒྱལ་ཁབ་དཀར་འབྱམས་ཡུག་གཅིག་ཏུ་སོང་བ་བོད་འབྲུག་གཉིས་ཡིན་པ་ལ་བོད་ཀྱི་ཆོས་སྲིད་རྩ་བརླག་ཏུ་སྟོར་ཟིན་ནས་ད་ལྟ་ཆོས་སྲིད་གཙང་མར་བཟུང་བར་རང་རེའི་འདི་ནང་མ་གཏོགས་གཞན་ནའང་མེད་པ་ནི་ཀུན་གྱིས་མཁྱེན་གསལ་དང༌། སྤྱིར་འཛམ་བུ་གླིང་དུ་ཆོས་ལུགས་རིགས་མི་འདྲ་བ་མང་དུ་ཡོད་ཀྱང་གཙོ་བོ་ཕྱི་ནང་གཉིས་སུ་བསྡུ་བ་ཡིན།
དེ་ཡང་ཆོས་འདི་པ་ལས་ཁ་ཕྱིར་ཕྱོགས་ཏེ་སྟོན་པ་གཞན་གྱི་རྗེས་སུ་འབྲངས་ཏེ་འཚེ་བ་ཆོས་སུ་འདོད་པ་ཕྱི་རོལ་པ་དང༌། སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲངས་ཏེ་ཕན་པ་ཆོས་སུ་འདོད་པ་ནང་པ་སངས་རྒྱས་པའི་ཆོས་གཉིས་ཡིན།
དེ་གཉིས་ཁྱད་པར་འབྱེད་ཆོས་མང་དུ་ཡོད་ཀྱང་གཙོ་ཆེར་བསྡུ་ན་དོན་ཚན་རྣམ་པ་ལྔ་སྟེ། རྟེན་པ་སྐྱབས་གནས་ཀྱི་ཁྱད་པར། གནས་ལུགས་ལྟ་བའི་ཁྱད་པར། སྒོམ་པ་ལམ་གྱི་ཁྱད་པར། བྱ་བ་སྤྱོད་པའི་ཁྱད་པར། ཐོབ་བྱ་འབྲས་བུའི་ཁྱད་པར་ཏེ་ཁྱད་པར་ལྔའི་སྒོ་ནས་ནང་པའི་བསྟན་པ་ཁྱད་པར་འཕགས་ཚུལ་མཁྱེན་དགོས།
དེ་ལས་དང་པོ་རྟེན་པ་སྐྱབས་གནས་ཀྱི་ཁྱད་པར་ནི། ལྷ་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པ་ནང་པ་དང་དེ་ལས་ལྡོག་པ་ནི་ཕྱི་པ་སྟེ། རང་ལུགས་ཀྱི་ལྷ་དཀོན་མཆོག་གསུམ་ཟེར་བ་གང་ལ་ཞུ་སྙམ་ན། སྤངས་རྟོགས་མཐར་ཕྱིན་པ་ནི་སངས་རྒྱས་ཏེ་དཔེར་ན་སྐྱོན་མེད་ཡོན་ཏན་མངའ་བ་སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་དང༌། ལུང་དང་རྟོགས་པ་གཉིས་ནི་བསྟན་པ་དམ་པའི་ཆོས་ཏེ་དཔེར་ན་བཤད་པའི་ཆོས་དང་སྒྲུབ་པའི་ཆོས་ཟེར་བ་ལྟ་བུ་དང༌། རིག་གྲོལ་གཉིས་དང་ལྡན་པ་ནི་དགེ་འདུན་ཏེ་དཔེར་ན་ཚོགས་མཆོག་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །
དེ་གསུམ་ལ་དཀོན་མཆོག་རིན་པོ་ཆེ་ཞེས་ཞུ་བའི་རྒྱུ་མཚན་ཡང༌། སྔོན་བསོད་ནམས་མ་བསགས་པའི་མིས་ནོར་བུ་རིན་པོ་ཆེ་དང་དཀོན་མཆོག་གསུམ་མཇལ་བར་དཀའ་བ་སོགས་ཆོས་མཐུན་དྲུག་གི་སྒོ་ནས་དཔེ་ནོར་བུ་རིན་པོ་ཆེ་དང་མཚུངས་པ་ལས་ཀྱང་སྐྱབས་དཀོན་མཆོག་གསུམ་ཆེས་མཆོག་ཏུ་གྱུར་པའི་ཕྱིར་དཀོན་མཆོག་རིན་པོ་ཆེ་ཞེས་ཞུ་བ་ཡིན་ནོ། །
མདོར་ན་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ཆོས་སྟོན་པས་སངས་རྒྱས་ལ་སྟོན་པའི་འདུ་ཤེས་དང༌། ཆོས་ཉམས་སུ་ལེན་པ་ལས་ས་ལམ་གྱི་ཡོན་ཏན་ཐོབ་པས་ན་ཆོས་ལ་ལམ་གྱི་འདུ་ཤེས་དང༌། ལམ་སྒྲུབ་པའི་ལྟ་སྤྱོད་དགེ་བ་ལ་འདུན་པར་མཐུན་པས་དགེ་འདུན་ལ་གྲོགས་ཀྱི་འདུ་ཤེས་བཞག་ནས་སྟོན་པ་ལམ་གྲོགས་སུ་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་བ་ནི་རྒྱུ་ཡི་སྐྱབས་གནས་དང༌། རྒྱུ་དེ་ལ་བརྟེན་ནས་མཐར་ཐུག་རང་རྒྱུད་ལ་དཀོན་མཆོག་གི་བྱིན་རླབས་འཇུག་སྟེ་སངས་རྒྱས་ཀྱི་གོ་འཕངས་ནང་ནས་ཐོབ་ཏུ་ཡོད་པ་དེ་ལ་ནང་པ་སངས་རྒྱས་པ་ཞེས་ཞུ་བ་ཡིན་ནོ། །
དེ་ལྟར་ནང་པའི་ཆོས་ཀྱི་རྒྱུ་མཚན་མཁྱེན་པ་རྣམས་ནས་དང་པོ་དཀོན་མཆོག་གི་རང་བཞིན་ངོ་ཤེས་དགོས། བར་དུ་དཀོན་མཆོག་ལ་ཡིད་ཆེས་ཀྱིས་དད་པར་བྱ་དགོས། ཐ་མར་དངོས་པོ་ཆེ་ཕྲ་གང་རུང་དཀོན་མཆོག་མཆོད་པའི་ཆེད་དུ་འབྲེལ་བ་འཇོག་དགོས། འཇིག་རྟེན་པའི་གཏམ་དཔེ་ལས་ཀྱང༌། དཀོན་མཆོག་མཆོད་པ་བདག་མི་ཕམ། །ཟེར་བ་ལྟར། ཞིང་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་དབང་གི་འབྲས་བུ་ཕྱི་མ་ལྷ་མིའི་བདེ་འབྲས་ཁྱད་པར་ཅན་ཐོབ་སྟེ་ཐར་པའི་ལམ་དུ་ཚུད་པ་སོགས་ཕན་ཡོན་ཚད་མེད་ཐོབ་པ་དང༌། འཁོར་བའི་སྡུག་བསྔལ་མཐའ་དག་ལ་སྐྱོབ་པའི་ནུས་པ་ནི་ལྷ་དཀོན་མཆོག་གསུམ་ལ་ཡོད་པ་མ་གཏོགས་གཞན་ཚངས་པ་དང་ཁྱབ་འཇུག་ཡེ་ཤུ་སོགས་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་སུ་ལའང་མེད་པར་མཁྱེན་དགོས། དེས་འདི་ཕྱི་བར་དོ་གསུམ་གྱི་སྐྱབས་གནས་དཀོན་མཆོག་ཡིན་པར་ཤེས་པའི་སྒོ་ནས་བློ་རྩེ་དཀོན་མཆོག་ལ་གཏད་ཐུབ་པ་ཞིག་མཛད་ན། དཀོན་མཆོག་གི་ཐུགས་རྗེ་ནམ་ཡང་བསླུ་བ་མེད་པའི་དབང་གིས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐོབ་པ་སོགས་ཕན་ཡོན་གཞལ་དུ་མེད་པར་ཐོབ་པ་ནི་གདོན་མི་ཟའོ། །
དེ་ལྟར་མ་ཡིན་པ་སྟོན་པ་དབང་ཕྱུག་དང་ཁྱབ་འཇུག་ཡེ་ཤུ་ལ་སོགས་པ་ལྷ་གཞན་འཛིན་ན་གནས་སྐབས་ཀྱི་ལམ་འགྲོས་ཅུང་ཟད་འགྲོ་བ་ལྟར་སྣང་ཡང་མཐར་ཐུག་གི་བདེ་བ་ནི་དེ་དག་གིས་ཀྱང་སྦྱིན་པ་མི་ནུས་ཏེ་དཔེར་ན་བཙོན་པས་བཙོན་པ་གཏོང་ཐམས་མེད་པར་བཞིན་དུ་རང་ཡང་འཁོར་བ་ལས་མ་འདས་པས་གཞན་སྐྱོབ་པར་ག་ལ་ནུས། དེས་ན་ལྷ་དང་བཅས་པའི་འཇིག་རྟེན་ཆེ་རྒྱུ་ཡོངས་ཀྱི་མཐར་ཐུག་གི་སྐྱབས་ནི་སངས་རྒྱས་ཉག་གཅིག་ལས་མེད་པའི་དབང་གིས་བདག་ཅག་གི་སྟོན་པ་ནི་ལྷ་ཡི་ཡང་ལྷར་གྱུར་པ་ཡིན་ནོ། །
དེ་ལྟར་མ་ཤེས་པར་སྐྱབས་གནས་ལོག་པར་སོང་ན་ལོག་པའི་ལམ་དུ་ལྷུང་ནས་འཁོར་བ་མཐའ་མེད་དུ་འཁྱམས་དགོས་བྱུང་བ་ཡིན་པས། ད་ལྟ་ནས་བསམ་གཞིག་ལེགས་པར་གཏོང་ནས་ཕྱི་པའི་ཆོས་ལ་ཕུགས་ཀྱི་འདུན་པ་མི་གཏད་པར་གནས་སྐབས་རྒྱལ་ཁབ་གཞན་གྱི་ལམ་ལུགས་དང་མཐུན་པར་ཡིག་རྩིས་དང་འཕྲུལ་ཐབས། ཚོང་དང་སོ་ནམ་ཕྲལ་སྐད་སོགས་འཇིག་རྟེན་ལ་ཕན་པའི་བྱ་བ་མེད་དུ་མི་རུང་བ་རྣམས་སློབ་སྦྱོང་ཕྲན་བུ་བྱ་དགོས་པ་མ་གཏོགས་ཕུགས་ཀྱི་འདུན་པ་གཏད་ས་རང་རེའི་ནང་པའི་ཆོས་ལས་ལྷག་པ་མེད་དེ། འཇིག་རྟེན་མཁས་པའི་གཏམ་དཔེར། ཕ་ཡིས་གང་བརྟེན་བུ་ཡི་ལམ། ཟེར་བ་ལྟར། རང་ལུགས་ཕ་མེས་ཀྱི་ཆོས་ལུགས་བཟང་པོ་རྒྱབ་ཏུ་དོར་ནས་གཞན་ལུགས་ངན་པ་དང་དུ་བླངས་ཏེ་འཇིག་རྟེན་ཕ་རོལ་ལ་མི་བལྟ་བར་ཚུ་རོལ་མཛེས་པའི་རྗེས་སུ་འབྲངས་ནས་དཀོན་མཆོག་དང་ལས་འབྲས་མེད་པར་བལྟ་ན་ལོག་ལྟས་དགེ་རྩ་ཆད་དེ་ཚེ་རབས་ཀུན་ཏུ་མཐོ་རིས་དང་ཐར་པའི་ལམ་ལས་གོལ་ནས་འགྲོ་ས་ངན་སོང་གི་གཏིང་རྡོ་བྱེད་པ་ལས་གཞན་དུ་མེད་པ་ཡིན།
དེ་ལྟར་དཀོན་མཆོག་ངོ་ཤེས་པའི་སྒོ་ནས་བསོད་ནམས་དགེ་བའི་ལས་ལ་བརྩོན་པར་བྱས་ན་གནས་སྐབས་དང་མཐར་ཐུག་གི་ལམ་འགྲོས་གང་ཡང་དཀོན་མཆོག་གི་ཐུགས་རྗེ་ལས་འབྱུང་ངེས་པ་ཡིན་ཏེ། གཏམ་དཔེ་ལས། འབད་རྩོལ་རི་བོ་ཙམ་བསྐྱེད་པ་བས། །བསོད་ནམས་མེ་སྟག་ཙམ་གསོག་པ་དགའ། །ཟེར་བ་ལྟར་ཀུན་གྱི་ཐུགས་ལ་བསྟར་བར་ཞུ།
ད་ནི་དོན་ཚན་གཉིས་པ་གནས་ལུགས་ལྟ་བའི་ཁྱད་པ་ནི། དེ་ཡང་མཐའ་བྲལ་གྱི་ལྟ་བ་ཁས་ལེན་པ་ནང་པ་དང༌། རྟག་ཆད་ཀྱི་མཐའ་ལ་བརྟེན་པ་ཕྱི་པ་སྟེ། ལྟ་བ་ཞེས་བྱ་བ་གང་ལ་ངོས་འཛིན་སྙམ་ན། རང་རང་སོ་སོའི་བློའི་ཕུགས་གཏད་ས་དེ་ལ་ལྟ་བ་ཟེར་བ་ཡིན།
དེ་ཡང་བློའི་ཁྱད་པར་ལས་དབང་པོ་རབ་རྣམས་ཀྱིས་ལྟ་བ་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་རྣམ་རྟོག་གི་སྤྲོས་པ་ཉེ་བར་ཞི་ནས་གཞིའི་གནས་ལུགས་ལ་སྒྲོ་འདོགས་ཆོད་པ་ནི་ལྟ་བའི་གདེངས་ཐོབ་པ་ཟེར།
དབང་པོ་འབྲིང་གིས་ཕྱི་ནང་གི་ཆོས་ཐམས་ཅད་ལ་མི་རྟག་སྡུག་བསྔལ་སྟོང་དང་བདག་མེད་བཞིའི་དོན་རྟོགས་ཏེ་འཁོར་བ་སྙིང་པོ་མེད་པར་ཤེས་པ་དེ་ལ་ཞེན་ལོག་གི་ལྟ་བ་ཟེར།
དབང་པོ་ཐ་མས་ཀྱང་འཁོར་བའི་བདེ་སྡུག་དང་རྒྱུ་འབྲས་ཀྱི་མཚང་རིག་སྟེ་སྡིག་སྤོང་དགེ་སྒྲུབ་ལ་བརྩོན་པ་ནི་ལས་འབྲས་ཡང་དག་གི་ལྟ་བ་ཟེར།
ལྟ་བ་དེ་གསུམ་གྱི་རྟོགས་བྱ་རིམ་པ་ལྟར་མཐའ་བྲལ་གྱི་ལྟ་བས་འཁོར་བ་གཞི་མེད་དུ་རྟོགས། ཞེན་ལོག་གི་ལྟ་བས་འཁོར་བ་ལས་ངེས་པར་འབྱུང༌། ལས་འབྲས་ཡང་དག་ཏུ་ལྟ་བས་ལས་དང་ལས་ཀྱི་འབྲས་བུ་ལ་ཡིད་ཆེས་པའི་དད་པ་ཐོབ་པ་སྟེ། དེ་གསུམ་ཕྱི་མ་ངན་སོང་གི་སྡུག་བསྔལ་དང་བྲལ་བའི་ལམ་ཐོབ་པ་ཡིན།
འདི་གསུམ་ལས་གཞན་དུ་གྱུར་པ་ཐམས་ཅད་ལོག་པའི་ལྟ་བ་ཡིན། དེ་ལ་ནང་གསེས་སུ་ལྟ་བ་ལོག་པ་སུམ་བརྒྱ་དང་དྲུག་ཅུ་སོགས་མང་དུ་ཡོད་ཀྱང་ཚུར་བསྡུ་ན་གསུམ་སྟེ། མཐོང་བའི་ཆོས་ཚེ་འདི་ག་ཙམ་ལ་སྙིང་པོ་བཟུང་སྟེ་རྐུ་འཕྲོག་གཡོ་སྒྱུ་སོགས་སྡིག་པའི་ལས་ཚབས་ཆེན་བསགས་ནས་དཀོན་མཆོག་དང་ལས་འབྲས་འཇིག་རྟེན་ཕ་རོལ་སོགས་མེད་པར་ལྟ་བ་ནི་ལོག་ལྟ་ཚུར་མཐོང་གི་ལྟ་བ་ཟེར།
རྒྱུ་ནོར་དོན་དུ་གཉེར་བའི་སྒོ་ནས་རྒྱལ་ཁབ་གི་ལམ་ལུགས་དང་འཕྲལ་སྐད་ཡིག་རྩིས་སོགས་ཡོན་ཏན་སད་སུད་ཙམ་གྱིས་རྒྱུད་ཁེངས་ཏེ་ང་འདྲ་བའི་ཡོན་ཏན་དང་རྒྱུ་ནོར་སུ་ལའང་མེད་སྙམ་ནས་རྒན་གཞོན་དང་གོང་འོག་སོགས་ཆོས་དང་ཆོས་མིན་གྱི་རྣམ་འབྱེད་མི་ཤེས་པ་དེ་ལ་བླུན་པོ་རང་མཐོང་གི་ལྟ་བ་ཟེར།
འདིར་སྣང་མནོག་ཆུང་གི་བྱ་བས་མགོ་འཁོར་ཏེ་དགེ་སྡིག་གི་རྣམ་བཞག་གང་ཡང་མེད་པར་ལྟོ་རྒྱབ་འཚོ་ཤེས་པ་ཙམ་ནི་རྨོངས་པ་ལུང་མ་བསྟན་གྱི་ལྟ་བ་ཟེར།
ལྟ་བ་དེ་གསུམ་གྱི་འབྲས་བུ་ཡང་རིམ་པ་ལྟར་ལོག་ལྟས་དམྱལ་བར་ལྟུང་བ་དང༌། རང་མཐོང་གི་ལྟ་བས་ཡི་དྭགས་སུ་འཕེན་པ་དང༌། ལུང་མ་བསྟན་གྱི་ལྟ་བས་དུད་འགྲོར་སྐྱེ་བའི་རྒྱུ་སྟེ། དེ་གསུམ་ཡང་དག་པའི་ལམ་ལས་གོལ་ཏེ་ལོག་པའི་ལམ་དུ་ཞུགས་པའི་དབང་གིས་འཁོར་བ་མཐའ་མེད་དུ་འཁྱམས་ཏེ་སྡུག་བསྔལ་མྱོང་དགོས་པ་ཡིན་ནོ། །
དེས་ན་ད་ལྟ་ཆོས་ལྡན་གྱི་ཡུལ་དུ་སྐྱེས་པའི་སྐབས་བློ་ཁ་ཕྱིར་མ་ལོག་པར་དམ་པའི་ཆོས་འདུན་པ་བྱ་དགོས་ཏེ། འཇིག་རྟེན་མཁས་པའི་གཏམ་ལས། ཟ་ཁ་ནང་བསྟན་སྙིང་ཁ་ཕྱིར་བསྟན་ཟེར་བ་ལྟར། རང་བསྟན་ལ་བསམ་པ་གོ་མ་ལོག་པ་ཞིག་ཅིས་ཀྱང་མཛད་གནང་ཡོད་པར་ཞུ་ཞེས་ཐལ་སྦྱར་གུས་པའི་ངག་གིས་ཞུ་བ་ཡིན་ནོ། །
ད་ནི་དོན་ཚན་གསུམ་པ་སྒོམ་པ་ལམ་གྱི་ཁྱད་པར་ནི། དེ་ཡང་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་སྒོམ་པ་ནི་ནང་པ་དང༌། རྟོག་མེད་ཕྱོགས་རེ་བ་སྒོམ་པ་ཕྱི་པ་སྟེ། སྒོམ་པ་ཞེས་བྱ་བ་གང་ལ་ཟེར་སྙམ་ན། གོང་དུ་སྨོས་མ་ཐག་པའི་སོ་སོའི་ལྟ་བ་དེ་དག་ལ་གོམས་འདྲིས་བྱེད་པ་དེ་ནི་སྒོམ་པ་ཟེར་བ་ཡིན།
དེ་ཡང་ལྟ་བ་བཟང་ངན་གྱི་ཁྱད་པར་ལས། རབ་ཀྱི་བྱང་ཆུབ་ཀྱི་ཆོས་སོ་བདུན་ལམ་དུ་བྱེད་དེ་སྒོམ་པ་དང༌། འབྲིང་གིས་བདེན་བཞི་མི་རྟག་བཅུ་དྲུག་སྒོམ་པ་དང༌། ཐ་མས་ཀྱང་འཇིག་རྟེན་པའི་ལམ་ནས་དགེ་སེམས་རྩེ་གཅིག་པའི་སེམས་སྒོམ་པ་སྟེ། དེ་ལྟར་མ་ལྕོགས་པ་རྣམས་ཀྱིས་ཀྱང་བོད་འབངས་ཀྱི་ལྷ་སྐལ་འཕགས་པ་ཐུགས་རྗེ་ཆེན་པོ་ལ་དམིགས་ཏེ་མ་ཎི་བགྲང་བ་དང༌། ཨུ་རྒྱན་གུ་རུ་རིན་པོ་ཆེ་ལ་གསོལ་བ་བཏབ་སྟེ་བཛྲ་གུ་རུ་ཙམ་བགྲང་ཤེས་པ་ནི་རང་རེའི་དམ་པའི་ཆོས་དར་བའི་ཡུལ་དུ་སྐྱེས་པའི་ཕན་ཡོན་ཡིན།
དེ་ལས་གཞན་ཁ་ཕྱིར་ཕྱོགས་ཏེ་ལྟ་བ་ལོག་པའི་ལམ་དུ་ཞུགས་པ་རྣམས་ནི། རང་རྒྱུད་གྲུབ་མཐའ་ངན་པས་བསླད་ཕྱིན་ཆད་བསྒོམ་བྱ་ལྷ་དང་བླ་མ་ངོ་མི་ཤེས་པས་སྐྱབས་མེད། རྒྱལ་བའི་སྐུ་གསུང་ཐུགས་རྟེན་མཇལ་ཡང་དད་པ་སྐྱེ་མི་ཤེས་པས་བྱིན་རླབས་འཇུག་པའི་རྟེན་མེད། འཁོར་བའི་སྡུག་བསྔལ་མཐོང་ཡང་སྐྱོ་བ་སྐྱེ་མི་ཤེས་པས་སྙིང་རྗེ་མེད། ཡིད་ལ་བསམ་རྒྱུ་དང་བསྒོམ་བྱ་རྒྱུ་ནོར་ཁོ་ན་ལས་མེད་པས་བདག་འཛིན་གྱི་འགོང་བུ་ཁོང་དུ་ཞུགས། སེམས་འདོད་པའི་སྦྲུལ་གྱིས་ཟིན་ཏེ་ཉིན་མཚན་མེད་པར་ཐོབ་དང་གོ་ས་ཁོ་ནར་སེམས་པའི་སྙིང་ལས་ཀྱིས་ཁྲེལ་དང་ངོ་ཚ་མེད་པའི་བྱ་བ་གཤོམས་པ་སོགས་མི་བྱེད་པའི་ངེས་པ་ཡང་ག་ལ་ཡོད། ཕྱིའི་རྣམ་འགྱུར་ལ་བལྟས་ཀྱང་རང་བསྟན་ལ་མ་གུས་པའི་སྤྱོད་ལམ་གྱིས་ཆ་ལུགས་ཡ་མ་ཟུང་སྟོན་པ་དང༌། རང་གི་ཡུལ་སྐད་མི་ཤེས་པ་ལྟར་བརྫུ་ནས་སྐད་རིགས་ཡ་མ་ཟུང་གིས་མགོ་སྐོར་བ་དང༌། རང་ལུགས་ཀྱི་ཡུལ་ཆོས་དང་ཕ་མེས་བསྟན་པའི་ལྷ་ཆོས་སྐྱོང་ལའང་ཡིད་མི་ཆེས་པ་དང༌། དམར་སེར་ངུར་སྨྲིག་གི་རྟགས་འཛིན་པའི་དགེ་སློང་ལ་མཚན་ནས་མི་བརྗོད་པར་སྤྲང་ལོང་གི་རྒྱུ་མཚན་བཀོད་དེ་བརྙས་བཅོས་བྱེད་པ་དང༌། སྦྱིན་བདག་གི་དད་པས་སྤྱན་འདྲེན་པ་ལའང་མི་སེར་གྱི་མགོ་བསྐོར་མཁན་ཞེས་སྐུར་འདེབས་ཞུས་ཏེ་བསྟན་ལ་རྨ་འབྱིན་པའི་རིགས་མང་དུ་བྱུང་བ་ནི་ཆོས་སྲིད་ནང་མི་མཐུན་པར་འགྱུར་བའི་སྔ་ལྟས་ཡིན་པས། དེ་ལྟར་བྱུང་བའི་རྒྱུ་ནི་ཕུང་ཀྲོལ་གྱི་ཀུན་གྱི་རྩ་བ་ནོར་ལ་ཐུག་པ་ཡིན་ཏེ། གཞུང་ནས་རྐང་པའི་ས་རྡོ་ཕྱག་ཏུ་བཞེས་ནས་མཐོང་བཟོད་ཆེ་དྲག་པའི་སྐྱོན་ཡིན་ཏེ། འཇིག་རྟེན་མཁས་པའི་གཏམ་ལས། ཞན་པ་མཐོ་ས་བསྐོས་ན། །ཞན་རྟགས་བློ་ནས་འཐོན། །ཟེར་བ་ལྟར། དེ་ལྟར་ངེས་པ་ཡང་ནང་གི་བསམ་པ་ཕྱིའི་རྣམ་འགྱུར་གྱིས་བཏོན་འོང་བའི་གསལ་བ། དེ་དག་གཉའ་རེངས་སུ་མི་གཏོང་བར་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུའི་ལྗིད་ཀྱིས་མནན་ཏེ། རང་ལུགས་ཀྱི་ཆོས་དང་ཁྲིམས་ལུགས་ལ་གནོང་མི་བཀུར་བར་རྣམས་ད་ལྟ་སྔ་གོང་ནས་གཅུན་ཏེ་དམ་སྡོམ་མཛད་པར་འོས་ཏེ། འཇིག་རྟེན་པའི་གཏམ་ལས། དགྲ་དང་བུ་ཚ་ཆུང་ནས་བཏུལ། ཟེར་བའི་དཔེ་ལྟར། དེ་དག་ཐབས་ཀྱིས་ཁ་དྲངས་ཏེ་བསྟན་པ་ལ་འདུན་པ་བྱེད་དུ་བཅུག་ན་ཕྲལ་ཕུགས་གཉིས་ཀ་དགེ་ཞིང་ལེགས་པར་འགྱུར་བ་དང༌། དེ་བཞིན་བསྟན་པའི་སྒོར་ཞུགས་ཏེ་ངན་སྤྱོད་སྣ་དགུ་བྱེད་པའི་རིགས་ཀྱང་ཆོས་ཁྲིམས་དར་གྱི་མདུད་པ་དམ་པོར་འཆིང་དུ་བཅུག་སྟེ་འདུལ་བར་བྱ་དགོས་ཏེ། མཁས་པའི་གཏམ་དཔེ་ལས། ངན་པ་ངན་ངོན་ཐོག་ཏུ་ཚར་མ་བཅད་ན་བཟང་པོ་ལམ་དུ་མི་ཚུད། ཟེར་བ་ལྟར། འཇིག་རྟེན་མ་དད་པའི་རྒྱུར་གྱུར་པ་ཐམས་ཅད་སྤངས་ཤིང་འདུལ་ཁྲིམས་བསླབ་གཞིའི་རྒྱ་ལས་མི་འདའ་བའི་བཅས་ཁྲིམས་དམ་སྡོམ་མཛད་དེ་དམ་པའི་ཆོས་ཀྱི་དབུ་འཕངས་དགུང་དུ་བསྟོད་པའི་ལམ་སྲོལ་བཟང་པོ་གསར་དུ་གཏོད་ན། ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པ་ཆུ་དང་འོ་མ་ལྟར་ཡར་རྒྱས་ཅིག་ཅར་དུ་གཏོང་བའི་བློ་གྲོས་ཀྱི་འདུན་པ་ནི་ཆིག་དྲིལ་གྱི་ཐོག་ནས་ཆབ་སྲིད་དམ་པའི་ཆོས་དང་མཐུན་པར་བཟང་ངན་གྱི་ཤན་འབྱེད་ཞིབ་པར་མཛད་ཐུབ་ན། དེ་ལྟར་མཛད་པའི་མཐུ་ལས་རང་རེའི་ཙནྡན་བཀོད་པའི་ལྗོངས་འདི་ནི་ཆོས་དང་སྲིད་ཀྱི་མངའ་ཐང་དབྱར་གྱི་དཔལ་ལ་འགྲན་པ་ལྟ་བུར་འགྱུར་བའི་མཐུན་འགྱུར་ལྷ་དང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་མི་མངོན་དབྱིངས་ནས་གཟིགས་ཏེ་བསྟན་དང་འགྲོ་ལ་ཕན་བདེ་སྩོལ་བ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་དུ་བསྒྲུབ་པའི་ཕྲིན་ལས་མཛད་པར་ཞལ་བཞེས་གནང་འདུག་པས་ཞུ་ཧམ་དུ་མ་དགོངས་པར་ཕྱག་བཞེས་བསྟར་བར་ཞུ།
ད་ནི་དོན་ཚན་བཞི་པ་བྱ་བ་སྤྱོད་པའི་ཁྱད་པར་ནི། དེ་ཡང་སྤྱོད་པ་གཞན་ལ་འཚེ་བ་ལམ་གྱི་གེགས་སུ་འདོད་པ་ནང་པ་དང༌། དེ་ལས་ལྡོག་པ་ནི་ཕྱི་པ་སྟེ། སྤྱོད་པ་ཟེར་བ་གང་ཡིན་སྙམ་ན། ལུས་ངག་གི་བྱ་སྤྱོད་ལ་སྤྱོད་པ་ཟེར་བ་ཡིན། དེ་ལ་ངན་སྤྱོད་དང་བཟང་སྤྱོད་གཉིས་སུ་ཡོད་པ་ལས། བཟང་པོའི་སྤྱོད་པ་ནི་ལུས་ངག་སྐྱ་ལངས་ཀྱི་དབང་དུ་མི་གཏོང་བར་སེམས་ཀྱིས་གཅུན་ཏེ་ཡ་རབས་བཟང་པོའི་ཚུལ་དང་མཐུན་པར་བཅོས་པ་ནི་བཟང་པོའི་སྤྱོད་པ་ཟེར། གཙོ་ཆེ་ནང་གི་ལྟ་བ་བཟང་ངན་གྱི་ཁྱད་པར་ལས་ཕྱིའི་སྤྱོད་པ་ཡང་མི་འདྲ་བ་བྱུང་བ་ཡིན། དཔེར་ན་ཐེག་ཆེན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་གཙོ་བོ་ཕྱིན་དྲུག་བསྡུ་དངོས་བཞི་ལ་བརྟེན། ཐེག་དམན་ཉན་རང་གི་སྤྱོད་པ་ནི་གཙོ་བོ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གཅིག་ལ་བྱེད། ཆོས་ལྡན་གྱི་ཡུལ་དུ་སྐྱེས་པའི་མི་རྣམས་ཀྱི་སྤྱོད་པ་ནི་གཙོ་བོ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལ་རྟེན་དགོས་པ་ཡིན།
དེ་ཡང་ནི་ནང་གི་བསམ་པ་ཆོས་དང་མཐུན་མི་མཐུན་གྱི་ཁྱད་པར་ལས་ཕྱིའི་སྤྱོད་ལམ་བཟང་ངན་དུ་བྱུང་བ་སྟེ། དཔེར་ན། རྣམ་འགྱུར་ལས་བསམ་པ་གོ །ཟེར་བ་ལྟར། ངེད་རང་ནང་པ་སངས་རྒྱས་པའི་ལུགས་ལ་ཕྱིའི་བྱ་སྤྱོད་ལས་ནང་གི་བསམ་པ་ཤེས་ནུས་ཏེ། དཔེར་ན་སེམས་རྗེ་བོ་ལྟ་བུ་དང་ལུས་ངག་བྲན་ལྟ་བུ་ཡིན་པས་གཙོ་བོ་སེམས་ཡིན། སེམས་དགེ་བ་ལ་ཉེས་པ་མེད། །ཟེར་བ་ལྟར། བསམ་པ་དགེ་དང་མི་དགེའི་ཁྱད་པར་ལས་དགེ་སྡིག་ལྕི་ཡང་གི་ཁྱད་པར་བརྩི་དགོས།
ཁ་ཅིག་བསམ་པ་དཀར་ལ་སྦྱོར་བ་ནག་པོ་བྱེད་པ་ཡང་ཡོད། ཁ་ཅིག་བསམ་པ་གནག་ལ་སྦྱོར་བ་དཀར་པོ་བྱེད་པ་ཡང་ཡོད་དེ། སྔ་མ་ནི་སྡིག་པའི་གཟུགས་བརྙན་ཙམ་ཡིན་དོན་དུ་སྡིག་པ་མེད། ཕྱི་མ་ནི་དགེ་བའི་གཟུགས་བརྙན་ཙམ་ཡིན་དོན་དུ་དགེ་བར་མི་འགྱུར་བའི་ཚུལ་མཁྱེན་དགོས།
འཇིག་རྟེན་ཐམས་ཅད་ལས་ཀྱིས་ཁྲིད། ཟེར་བ་ལྟར། ཕྱི་མའི་བདེ་སྡུག་ཐམས་ཅད་ད་ལྟའི་ལས་དཀར་ནག་གི་རྗེས་སུ་འགྲོ་བ་ཅན་ཡིན་པ་མ་གཏོགས་ཕྱི་པའི་འདོད་པ་ལྟར་རྟག་ཅིང་རང་དབང་ཅན་གྱི་བདེ་སྡུག་སྟེར་མཁན་གྱི་བྱེད་པ་པོ་སུ་འགའ་ཡང་མེད་ཅིང༌། གཏམ་དཔེ་ལས། སྔ་མ་གར་སྐྱེས་ད་ལྟའི་ལུས་ལ་ལྟོས། །ཕྱི་མ་གར་འགྲོ་ད་ལྟའི་སེམས་ལ་ལྟོས། །ཟེར་བ་ལྟར། ད་ལྟ་རང་དབང་ཡོད་དུས་ནས་ཕྱི་མའི་ལམ་རྒྱགས་སྒྲུབ་དགོས་པ་ཡིན།
ངེད་རང་ཆོས་མི་ཤེས་པས་ལམ་ཇི་ལྟར་སྒྲུབ་སྙམ་ན། བསོད་ནམས་ཚོགས་ཀྱི་ཞིང་ས་དགེ་འདུན་དཀོན་མཆོག་ལས་བཟང་བ་མེད། དམ་པའི་ཆོས་ཀྱི་གཙོ་བོ་བསམ་པ་བཟང་བ་ལས་གཞན་མེད། ཕྲལ་ཕུགས་ཀྱི་བློ་གཏད་སའི་སྐྱབས་སངས་རྒྱས་ལས་བཟང་བ་མེད་པར་ཤེས་ནས་དགེ་འདུན་ལ་དམིགས་ཏེ་བསྙེན་བཀུར་གྱི་མཆོད་སྦྱིན་བྱེད་པ་དང༌། དམ་པའི་ཆོས་ལ་དམིགས་ཏེ་གཞན་ཕན་གྱི་སེམས་བསྐྱེད་པ་དང༌། སངས་རྒྱས་ལ་དམིགས་ཏེ་གུས་པའི་ཕྱག་དང་མཆོད་པར་བྱ་དགོས་ཏེ། སྦྱིན་པ་མ་བཏང་ན་ཕྱི་མ་ལོངས་སྤྱོད་མི་འབྱུང༌། བསམ་པ་བཟང་པོ་མ་བསྐྱེད་ན་ཕྱི་མ་མཐོ་རིས་སུ་མི་སྐྱེ། དད་གུས་མེད་ན་ཕྱི་མ་དམ་པའི་ཆོས་དང་མི་མཇལ་བས། དེ་ལྟ་བུའི་འཇུག་ལྡོག་མ་ནོར་བར་བྱེད་ན་ཕྱི་མ་མཐོ་རིས་དང་ཐར་པའི་ལམ་སྣ་ཟིན་ངེས་པ་ཡིན།
དེར་མ་ཟད་གནས་སྐབས་སུ་འཇིག་རྟེན་བདེ་བའི་རྒྱུ་ཡང་དགེ་བ་སྒྲུབ་པ་ལ་གཞན་མེད་དེ། འཇིག་རྟེན་ན་དགེ་བ་སྒྲུབ་མཁན་མང་ན་དཀར་ཕྱོགས་ཀྱི་ལྷ་རྣམས་སྟོབས་བསྐྱེད་ནས་ཆར་ཆུ་དུས་སུ་འབེབས་པ་དང༌། ལོ་ཕྱུགས་ལེགས་པ་སོགས་བྱུང་བ་ཡང་སྤྱི་མཐུན་ལེགས་བྱས་ཀྱི་མཐུ་ཡིན། འཇིག་རྟེན་མི་བདེ་བའི་རྒྱུ་ཡང་སྡིག་པ་སྤྱོད་པ་ལ་གཞན་མེད་དེ། འཇིག་རྟེན་ནང་སྡིག་པ་བསགས་མཁན་མང་ན་ནག་ཕྱོགས་ཀྱི་བདུད་དཔུང་ཁ་དར་ཏེ་ནད་མུག་འཁྲུག་རྩོད་སོགས་འབྱུང་བ་ཆོས་ཉིད་ཡིན་པས། མདོར་ན་གནས་སྐབས་དང་མཐར་ཐུག་གི་བདེ་སྡུག་ཐམས་ཅད་དགེ་སྡིག་ལ་རག་ལས་པས་དེ་བཞིན་ཆེ་ཕྲ་ཐམས་ཅད་ནས་ཡ་རབས་གནའ་བོའི་ལུགས་བཟང་སྲོལ་གཏོད་དེ་སྡིག་སྤོང་དགེ་སྒྲུབ་ཚུལ་བཞིན་ཉམས་སུ་བསྟར་བར་ཞུ།
༈ ད་ནི་དོན་ཚན་ལྔ་པོ་ཐོབ་བྱ་འབྲས་བུའི་ཁྱད་པར་ནི། དེ་ཡང་འབྲས་བུ་ཐར་པ་གསུམ་གང་རུང་ཐོབ་པ་ནང་པ་དང༌། མི་ཐོབ་པ་ཕྱི་པ་སྟེ། དེ་ཡང་འབྲས་བུ་བྱ་བ་གང་ལ་ཟེར་ན། རྒྱུ་རང་རང་གི་ལམ་སྒོམ་པ་ལས་བྱུང་བའི་འབྲས་བུ་བདེ་གནས་ཐོབ་པ་དེ་ལ་ཐོབ་བྱའི་འབྲས་བུ་ཟེར། སྒོམ་པ་ལམ་གྱི་ཁྱད་པར་ལས། བྱང་ཆུབ་ཀྱི་ཆོས་སྒོམ་པ་རྣམས་ཀྱིས་ས་བཅུ་ལམ་ལྔའི་སྤངས་རྟོགས་རྫོགས་ཏེ་རྣམ་མཁྱེན་ཐོབ་པ་དང༌། མི་རྟག་པའི་འདུ་ཤེས་སོགས་ཕྱག་རྒྱ་བཞིའི་དོན་སྒོམ་པ་རྣམས་ཀྱིས་བདེན་དོན་རྟོགས་ཏེ་ཐར་པ་ཐོབ་པ་དང༌། དགེ་སེམས་རྩེ་གཅིག་པ་སྒོམ་པ་རྣམས་ཀྱིས་ཁམས་གོང་མའི་བདེ་བ་ཐོབ་པ་སྟེ། མདོར་ན་གོམས་དང་འདྲིས་པ་རབ་འབྲིང་གསུམ་གྱི་ཁྱད་པར་ལས། རང་རང་གི་ལམ་དང་འབྲས་བུ་ཅི་རིགས་པ་ཐོབ་སྟེ་བདེ་བ་ནས་བདེ་བའི་མཐར་ཐུག་པར་འགྲོ་བ་ཡིན།
ཡང་མི་ཆོས་གཙང་མར་སྤྱོད་པའི་འཇིག་རྟེན་ཁྱིམ་ནང་གནས་པ་རྣམས་ཀྱང་ཆོས་འདི་པ་ལ་དད་པ་ཐོབ་སྟེ་ལྷ་དཀོན་མཆོག་གསུམ་གཙུག་ཏུ་འཛིན་པ་དང༌། ལུས་ངག་གི་དགེ་སྦྱོར་ཕྱག་དང་བསྐོར་བ་ཁ་ཏོན་དང་བཟླས་བརྗོད་སོགས་ལ་བརྩོན་པ་དང༌། མི་དགེ་བའི་ལས་ལས་ལྡོག་སྟེ་དཀར་པོ་དགེ་བའི་བསོད་ནམས་ལ་འབད་པ་དང༌། གཞན་ལ་གནོད་ཅིང་འཚེ་བའི་སེམས་དང་བྲལ་བ་རྣམས་ཀྱང༌། རང་རང་གི་མོས་པ་དང་མཐུན་པར་ཕྱི་མ་མངོན་མཐོ་ཁྱད་པར་ཅན་བདེ་བ་ཅན་ལ་སོགས་པ་དང༌། བདེ་འགྲོ་ལྷ་མིའི་གོ་འཕངས་ཐོབ་ནས་ཆོས་ལྡན་གྱི་རིགས་སུ་སྐྱེས་ཏེ་ཐར་པའི་ལམ་སྣ་ཟིན་ངེས་པ་ཡིན་ནོ། །
དེ་ལ་གཞན་ཁ་ཕྱིར་ཕྱོགས་པ་རྣམས་ཀྱང་ཕྱིན་ཆད་རང་བློ་རང་གིས་བཅོས་ཏེ་བསྟན་པ་དམ་པའི་ཆོས་ལ་འདུན་པར་བྱེད་ན་ཤེས་རིག་གི་ཡོན་ཏན་ལ་བརྟེན་ནས་ཟླ་བ་སྤྲིན་དང་བྲལ་བ་ལྟར་ཉེས་པ་སོར་ཆུད་དེ་ཕྱིས་བསྟན་པ་ལ་ཕན་པའང་འགའ་རེ་མི་འབྱུང་བའི་ངེས་པ་མེད་དེ་དཔེར་ན་སློབ་དཔོན་དཔའ་བོའི་རྣམ་ཐར་བཞིན་ནོ། །
དེ་ལྟར་གོང་དུ་བསྟན་པའི་དོན་ཚན་སྐྱེ་བ་ལྔ་པའི་རྗེས་སུ་འབྲངས་ཏེ་ཆོས་དཀར་དགེ་བའི་ལམ་བཟང་གཡས་སུ་འཁྱིལ་བའི་ཆོས་དུང་དཀར་པོ་འདི་ཉིད། གང་དག་སྲིད་ལམ་དུབ་པའི་མགྲོན་པོ་ལམ་སྟོར་ནས་རྨོངས་པའི་གཉིད་དུ་སོང་བ་གང་དང་གང་གིས་ཐོས་པའི་མོད་ལ་མདོངས་མཐའི་སྒྲ་འཛིན་དུ་དབྱར་རྔ་ཐོས་པ་ལྟར་རྣ་བར་སིམ་པའི་དགའ་བ་ཐོབ་སྟེ། འཇུག་ལྡོག་མ་ནོར་བར་མཛོད་ཅིག་ཅེས་ཞུ་བའི་བརྡར་ཐལ་སྦྱར་ལག་པའི་བར་དུ་བཟུང་ནས། བསྟན་དང་འགྲོ་ལ་སྨན་པའི་ལྷག་བསམ་བཟང་པོའི་དབུགས་ཀྱིས་བསྐུལ་ཏེ་ཆོས་དུང་གི་སྒྲ་སྐད་ཅུང་ཟད་འབྱིན་པ་འདིས་ཀྱང༌། ལྗོངས་འདིར་རྫོགས་ལྡན་གསར་པའི་ལང་ཚོ་མགྲོན་དུ་ཁུག་སྟེ་བསྟན་དང་འགྲོ་ལ་སྨན་པའི་ལེགས་ཚོགས་ཆར་དུ་བསྙིལ་ནས་དགའ་དང་སྐྱིད་པའི་དཔལ་ལ་སྤྱོད་ངེས་པར་བཅས་འཕྲལ་ཕུགས་དགེ་བའི་འདུན་གྲོས་འགའ་ཞིག་ཞུ་བ་ལགས་ན་འདིར་ཚོགས་མཁྱེན་ལྡན་རྣམས་ཀྱི་ཐུགས་ལ་དགོངས་པར་ཞུ་མཁྱེན་མཁྱཻན།། །།ཞེས་ཕྱི་ནང་ལྟ་གྲུབ་ཀྱི་ཁྱད་པར་ཅུང་ཟད་བརྗོད་པ་འདི་ཡང༌། རང་རེའི་ནང་པའི་ཆོས་ལ་མོས་པ་ཐོབ་པ་གོང་འཕེལ་མདོ་ཆེན་དྲག་ཤོས་བླ་མ་དཔལ་འབྱོར་དང༌། ཀྲུ་རིའི་མགྲོན་ཆེན་དྲག་ཤོས་ཚེ་བརྟན་དང༌། ཀུན་སྤེལ་གཙོ་འཛིན་དྲག་ཤོས་རིག་འཛིན་རྡོ་རྗེ་གསུམ་གྱི་གསུང་ངོ་མ་བཟློག་པར་གཡར་ཁྲལ་ཙམ་དུ་བྱམས་ཁང་བཤད་གྲྭ་ནས་དགེ་རིན་པས་སྤེལ་བ་དགེ་ལེགས་སུ་གྱར་ཅིག།  །།

No comments: